- Learing Tools
- >
- སྤྱང་ཤིང།
སྤྱང་ཤིང།
སྦྱང་ཤིང།
སྲོལ་རྒྱུན་ལྟར་ན། སྦྱང་ཤིང་ནི་བོད་ཀྱི་བྱིས་པ་རྣམས་ཆུང་ཆུང་དུས་སུ་བོད་ཀྱི་ཡི་གེ་སློབ་པའི་ལས་ལ་འཇུག་པའི་མཁོ་ཆས་ཆེས་ཐོག་མ་ཡིན་ལ། ལྷག་པར་དུ་བོད་ཀྱི་ཡིག་གཟུགས་ལ་དབུ་ཅན་དབུ་མེད་གཉིས་སུ་ཡོད་པའི་ནང་གི་དབུ་མེད་ཡིག་གཟུགས་སྦྱང་བ་ལ་ཆེས་མེད་དུ་མི་རུང་བ་ནི་སྦྱང་ཤིང་ཡིན། བོད་ཀྱི་སློབ་བུ་ལས་དང་པོ་བ་དེ་ཚོའི་ལོ་འགའི་རིང་གི་འགྲོ་རོགས་འདུག་རོགས་ལྟ་བུ་ཡིན་ལ། སྦྱང་ཤིང་གི་ཐོག་ལ་ཐིག་འཐེན་སྟངས་ལ་མགོ་ཐིག་དང་། དཀྱིལ་ཐིག གཤམ་ཐིག་སོགས་དང་། ད་དུང་སྦྱང་ཤིང་དང་འབྲེལ་བའི་མཁོ་ཆས། སྨྱུག་གུ སྨྱུག་ཁ་བཅའ་སྟངས་སོགས་ལ་ཤིན་ཏུ་རྒྱུས་བ་ཡོད་ཀྱང་འདིར་མི་བཤད།
འདིར་ཆེས་བཤད་པར་སྤྲོ་བ་ནི། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དཔལ་འབྱོར་དང་མཐུན་རྐྱེན་སོགས་ཡར་རྒྱས་སུ་ཕྱིན་ཏེ། སློབ་མའི་སློབ་སྦྱོང་བྱེད་སྟངས་དེ་ཡང་མི་རིགས་ཀྱི་སྲོལ་རྒྱུན་ལས་རྒལ་ཏེ་འབྲི་དེབ་དང་མྱུ་གུའི་ཚབ་ལ་གློག་ཀླད་དང་ཁ་པར། སློབ་ཁང་གི་ནག་པང་དང་སྦྱང་ཤིང་གི་ཚབ་ལ་གློག་ཡོལ་དང་བརྙན་པར་སོགས་བཀོལ་ནས་འགྲོ་བཞིན་པའི་དུས་རབས་འདིར། ང་ཚོས་ཅིའི་ཕྱིར་དུས་རབས་རྙིང་བའི་ནང་བྱུང་བའི་སློབ་མའི་མཁོ་ཆས་ཆུང་ཆུང་དེ་ལ་གདེང་འཇོག་ཆེན་པོ་བྱེད་པ་དེ་ཡིན། སྤྱིར་ན་མི་རིགས་གང་ཡིན་ཡང་རང་རང་གི་སྲོལ་རྒྱུན་དང་གོམས་གཤིས་བཟང་བོ་གང་ཡོད་པ་དེ་མི་ཉམས་རྒྱུན་སྐྱོང་བྱས་ཏེ་སོ་སོའི་མི་རབས་རྗེས་མར་འཁོ་སྤྲོད་བྱེད་རྒྱུ་ནི་རང་ཉིད་མི་རིགས་དེར་སྐྱེས་པའི་འགན་དབང་ལྟ་བུ་རེད། ང་ཚོའི་བོད་མི་རིགས་འདི་ཡང་ཕྱི་དངོས་པོ་ཡར་རྒྱས་ཀྱི་ཐད་ལ་དེ་ཙམ་ཞིག་མེད་ན་ཡང་། ནང་བསམ་བློ་ཡར་རྒྱས་ཀྱི་ཐད་ལ་ཧ་ཅང་ཚད་མཐོ་སར་སླེབས་ཡོད་ཅེས་བཤད་ཆོག་ལ། དེ་དང་འབྲེལ་བའི་གོམས་གཤིས་དང་ཀུན་སྤྱོད་བཟང་བོ་གང་མང་མང་ཞིག་ཅིང་སྲོལ་རྒྱུན་ལྟར་དར་ཁྱབས་སུ་སོང་ཡོད། སྲོལ་རྒྱུན་དེ་དག་དང་འབྲེལ་བའི་རྒྱུན་བཀོལ་ཀྱི་དངོས་བོ་ཡང་གང་མང་ཞིག་ཡོད་པས། སྦྱང་ཤིང་ཡང་དེའི་ནང་གི་ཆེས་མངོན་ཆུང་གི་དངོས་བོ་ཞིག་ཡིན་།
དེང་སང་གི་སློབ་གྲྭའི་མཁོ་ཆས་དེ་དག་ལས་བྱུང་བའི་སློབ་མའི་ཞན་ཆ་གཙོ་བོ་འགའ་དང་བོད་ཀྱི་སྦྱང་ཤིང་གི་ཕན་ཡོན་སྐོར་ལ་ཚིག་འགའ་བཤད་ན། དུས་རབས་ཉེར་གཅིག་པའི་ནང་མི་རྣམས་བརྩོན་པ་ཧ་ཅང་ཆུང་ལ། ལེ་ལོ་དང་རྒྱུད་ལུགས་ཆེ་བའི་ཐོག་གློག་ཀླད་འཕྲུལ་ཆས་ཀྱི་མཐུན་རྐྱེན་ཤིན་ཏུ་མོད་པས་ན། རྐྱེན་དེ་དག་ལ་བརྟེན་ནས། ཤེས་བྱ་ཡོན་ཏན་དག་རང་གི་བློ་ངོར་སྦྱོར་བའི་གོམས་གཤིས་དེ་ཉུང་རུ་འགྲོ་བཞིན་ཡོད། གློག་ཆས་དེ་དག་ལ་བློ་ཁེལ་རྒྱུ་མང་དྲག་པའི་དབང་གིས་དཔེར་ན། སློབ་མཐར་ཕྱིན་ལ་ཉེ་བའི་ཞིབ་འཇུག་སློབ་མ་ཞིག་གི་གློག་ཀླད་ལ་སྐྱོན་ཤོར་ཏེ་དེའི་ནང་གི་ཡོད་ཚད་རྩ་མེད་དུ་གྱུར་བ་ན། རང་ཉིད་མལ་སར་ལྷུང་སྟེ་ཡོད་ཚད་སྟོངས་སང་ངེར་གྱུར་འགྲོ་བ་ལྟ་བུ་ལས་ཐབས་གཞན་མེད་ཚོད་གདའ། དཔེ་མཚོན་འདི་ལ་བལྟས་ན་སློབ་མ་དེས་ལོ་དུ་མར་སྦྱངས་པའི་ཤེས་བྱ་ཡོན་ཏན་དག་གློག་ཀླད་དེའི་ནང་གསོག་འཇོག་བྱས་ཡོད་པ་ལས་རང་ཉིད་ཀྱི་ཀླད་པའི་ནང་ཅི་ཡང་སྦྱོར་ཐུབ་མེད།
ད་ལྟའི་ཆར་བོད་ཡིག་བརྡ་འཕྲིན་ཁྲོད་དུ་ཚད་གཞི་དེར་སླེབ་མེད་ནའང་། སྐད་ཡིག་གཞན་པའི་རིགས་གློག་ཀླད་ནང་འབྲི་སྐབས་བརྡ་སྤྲོད་དང་དག་ཆ་ནོར་སྐྱོན་ཤོར་ཚེ་གློད་ཀླད་ཀྱིས་བཟོ་བཅོས་བྱེད་ཀིན་ཡོད་ལ། རང་ཉིད་ཀྱི་རྩོལ་བ་དང་ཀླད་པ་བེད་སྤྱོད་བྱེད་མི་དགོས་པའི་མཐུན་རྐྱེན་འདི་ལ་བརྟེན་ནས་དེང་སང་གི་སློབ་མའི་ཁྲོད་ཡི་གེའི་དག་ཆ་ཡག་པོ་ཡོད་མཁན་ཧ་ཅང་ཉུང་བར་སེམས། ང་ཚོ་འགྲོ་བ་མིའི་རིགས་ལ་ནུས་ཤུགས་མཐའ་མེད་པའི་དབང་བོ་ཞིག་ཡོད་པ་ནི་མིའི་ཀླད་པ་དེ་ཡིན་ལ་དེ་བེད་སྤྱོད་ཡག་པོ་བྱེད་མ་ཐུབ་པ་འམ་ཡང་ན་བེད་སྤྱོད་ལོགས་པར་གཏོང་བ་ནི་མིའི་རིགས་ཀྱིས་རང་ལ་བཟོས་པའི་ནག་ཉེ་ཆེ་ཤེས་དེ་ཡིན།
སྦྱང་ཤིང་ལ་མཚོན་ན། དགེ་སློབ་གཉིས་ཀྱི་ངོས་ནས་བཤད་ནའང་། དེ་འདྲའི་བཀོལ་སྤྱོད་བདེ་བོ་གཏན་ནས་མིན་ལ། འཁྱེར་བདེ་བོ་དང་སྙིང་རྗེ་བོ་དེ་ལས་ཀྱང་མིན་མོད། འོན་ཀྱང་ང་ཚོའི་ངེས་བར་དུ་ཤེས་དགོས་པ་ཞིག་ལ་ཤེས་བྱ་ཡོན་ཏན་གྱི་རིགས་གང་ཡིན་ཡང་སེམས་ནང་ལ་གཏན་འཇགས་སུ་སྦྱོར་དགོས་ན་དེ་དག་ཡང་དང་ཡང་དུ་ལུས་ངག་ཡིད་གསུམ་གྱིས་བསྐྱར་བཟློས་སམ་སྦྱང་བ་གང་མང་བྱེད་དགོས་། དེ་ལྟར་བྱས་ནས་སྦྱང་བ་གང་མང་བྱས་པའི་ཡིག་གཟུགས་དང་དག་ཆ་དོན་དག་གང་ཤེས་པ་དེ་སློབ་བུ་རང་ཉིད་ཀྱི་སེམས་སུ་གཏན་འཇགས་སུ་འབྱར་འགྲོ་ལ། སྦྱང་ཤིང་ལ་བྱིས་པ་ཆུང་ཆུང་ཚོར་དོན་དེ་དག་ལེགས་པར་བསྐྲུན་པའི་ནུས་པ་ཆ་ཚང་ཡོད། མི་རིགས་གཞན་པས་ཀྱང་བོད་ཀྱི་སྦྱང་ཤིང་གི་སློབས་གསོའི་བྱེད་ཐབས་འདི་བཀོལ་ཐུབ་ན་ཧ་ཅང་བཟང་། དེ་བས་ཀྱང་སྦྱང་ཤིང་ལ་དེ་རིང་གི་དུས་ཀྱི་གོ་ལ་ཟླུམ་པོའི་དཀའ་ངལ་ཆེ་ཤེས་ཤིག་ལ་མི་མངོན་པའི་ངང་གདོང་ལེན་བྱེད་ཐུབ་པའི་ནུས་པའང་ཡོད་། གང་ཡིན་ཟེར་ན་ནུབ་ཕྱོགས་པའི་ཁ་དཔེ་ལའང་་ཤོག་བུ་བཀོད་སྤྱོད་ཉུང་ན། ཤིང་སྡོང་སྐྱོབས་གི་ཡོད་་ ཟེར་བ་ལྟར། འཇིག་རྟེན་ཐོག་གི་ཤིང་ནགས་གཅོད་འབྲེག་ཚད་ལས་རྒལ་པས་རྐྱེན་གྱིས་འཛམ་གླིང་སྟེང་མཁོར་ཡུག་ལ་འགྱུར་བ་སོང་སྟེ་། འབྱུང་བཞིའི་གནོད་སྐྱོན་གྱིས་མི་ཟོག་མང་པོར་གོལ་ཆག་བྱུང་དང་འབྱུང་གིན་པ་དེ་རེད་།
ང་ཚོའི་རང་གི་མེས་པོ་དམ་པ་ཚོས་བཞག་པའི་སློབ་སྦྱོང་གི་མཁོ་ཆས་ཆུང་ཆུང་དེ་དུས་རབས་ཉེར་གཅིག་པའི་འགྲོས་དང་མཐུན་པར་གསར་བཟོ་བྱས་ཡོད་། ང་ཚོའི་གསར་བཟོ་བྱས་པའི་བོད་ཀྱི་སྤྱང་ཤིང་འདི་ལ་དམིགས་བསལ་ཁྱད་ཆས་གང་མང་ཞིག་ཡོད་པའི་ནང་གི་གཙོ་བོ་འགའ་བརྗོད་ན། སྦྱང་ཤིང་འདི་ལ་སྲོལ་རྒྱུན་གྱི་སྦྱང་ཤིང་བཞིན་ཉིན་ལྟར་ཐིག་འཐེན་མི་དགོས་ལ། སྣག་ཚ་ཡང་བྱུག་མི་དགོས། ཕྱོགས་ངོས་ཞིག་ན་དབུ་ཅན་དང་། ཕྱོགས་གཞན་པར་དབུ་མེད་སུག་རིང་གི་གསལ་བྱེད་སུམ་བཅུ་བོ་སྟོང་ཆའི་ཚུལ་དུ་ཡོད། བྱིས་པའི་ལོ་ལ་ངེས་མེད་ཀྱི་བཀོལ་སྤྱོད་བྱེད་ཆོག་ལ། ང་ཚོའི་གསར་བཟོ་བྱས་པའི་སྦྱང་ཤིང་འདིའི་རྒྱུ་ཆ་ནི། རྫས་རིགས་ཀྱི་མ་སླད་པའི་ཟས་སྣོད་ཀྱི་རིགས་ལ་བཀོལ་ཆོག་པའི་འགྱིག་གི་རིགས་ཡག་ཤེས་དེ་ཡིན་པས་། བྱིས་པའི་བདེ་ཐང་ལ་ཡང་གནོད་པ་མེད་པར་རྒྱུ་ཆ་ཕུན་སུམ་ཚོགས་པ་ཡིན།
མཐར་སྡོམ་དུ། ང་ཚོའི་གསར་བཟོ་བྱས་པའི་བོད་ཀྱི་སློབ་ཆས་འདི་ལ་རྟེན་ནས་བོད་ཡིག་ལས་དང་པོ་རྣམས་ཀྱི་ཕན་འབྲས་མི་ཉུང་བ་ཞིག་ལེན་ཐུབ་པར་སྨོན།